ཆོས་དང་ལམ་སྲོལ།

༉ ང་བཅས་རའི་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་པའི་ཆོས་དར་བའི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རང་ལུགས་སྔར་སྲོལ་བཟང་པོ་ ཆོས་དང་མཐུན་པའི་ སྲོལ་བཟང་པོ་བཙུགས་ཡོད་མི་ཚུ་ མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འབད་ཐབས་ལུ་ རྫོང་ཁག་ནང་ཆོས་དང་ལམ་སྲོལ་སྡེ་ཚན་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན།

རྫོང་ཁག་ནང་འཁོད་ལུ་ རང་ལུགས་སྔར་སྲོལ་བཟང་པོའི་ལམ་ལུགས་ཚུ་ ཉམས་མ་བཅུག་པར་རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ དངོས་ཅན་གྱི་ལམ་སྲོལ་དང་ དངོས་མེད་ཀྱི་ལམ་སྲོལ་ཟེར་ གཉིས་ལུ་དབྱེ་སྟེ་ཡོདཔ་ཨིན། དངོས་ཅན་གྱི་ལམ་སྲོལ་   རྫོང་གཞི་ ལྷ་ཁང་ དགོན་སྡེ་ གནས་ མཆོད་རྟེན་མ་འདྲཝ་ཚུ་དང་ མ་ཎི་དུང་འཁོར་ ཆུ་བསྐོར་མ་ཎི་ཚུ་དང་།   དངོས་མེད་ལམ་སྲོལ་ འཆམ་དང་གླུ་གཞས་ གཞུང་སྒྲ་དང་བོད་སྒྲ་ གཡུས་ཁའི་ཞབས་ཁྲ་ཚུ་དང་ གཞན་ཡང་གཙང་མོ་ སྲུང་ བློ་ཟེ་ལ་སོགས་པ་ཚུ་ ཚུདཔ་ཨིན། སྤྱིར་བཏང་མི་སྡེ་ནང་ལུ་ སྒྲིག་ལམ་རྣམ་གཞག་གི་ ཁྱད༌ཆོས༌མཐུན་མོང་མ་ཡིན་པའི་ སྲོལ་བཟང་པོ་ཚུ་ མི་ཉམས་པར་སྒྲིང་སྒྲིང་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ཨིན།

དེ་མ་ཚད་ རྫོང་ཁག་ནང་འཁོད་ ལྷ་ཁང་མགོན་ཁང་ཚུ་ནང་ ནང་རྟེན་རྩ་ཆེ་ཏོག་ཏོ་ཡོད་མི་ཚུ་ བྱུང་བ་བཞིའི་དང་ ཨར་རྐུན་ལ་སོགས་པའི་རྐྱེན་ངན་ཚུ་ལས་སྲུང་ཐབས་དང་ གསར་བཞེངས་དང་ཉམས་བཅོས་ཀྱི་ འཆར་གཞི་གོང་འཕེལ་གྱི་ལས་རིམ་བརྩམས་ནི། དེ་ལས་ དུས་མཆོད་འབུམ་སྡེ་དང་ ཚེས་བཅུའི་འཆམ་དང་གླུ་གཞས་  སྔར་སྲོལ་བཟང་པོའི་ལམ་དང་ལུགས་སྲོལ་ཚུ་ ཉམས་མ་བཅུག་པར་རྒྱུན་སྐྱོང་འབད་དོཝ་ཡོདཔ་ཨིན།  གཞན་ཡང་ རྫོང་ཁག་ཆོས་མཐུན་ཚོགས་པ་དང་ སྨོན་ལམ་ཆེན་མོ་ བཛྲ་གུ་རུ་དུང་སྒྲུབ་ དུས་དང་དུས་སུ་ སྐུ་རིམ་བསྒྲུབ་ནི་ཚུ་ འགོ་འདྲེན་འཐབ་དགོཔ་ཨིན། དེ་དང་གཅིག་ཁར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ངོ་ཚབ་འགོ་དཔོན་སྦེ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ ཡར་རྒྱས་དང་གོང་འཕེལ་གཏང་ཐབས་ཀྱི་ ལས་རིམ་དང་ལས་སྣ་ཚུ་ཡང་འགོ་འདྲེན་འཐབ་དགོཔ་ཨིན།

 

གཞལ་རྫོང་ཆ་འོག་ཁེངས་རིཊ་རྣམ་༣ ལུ་ལྷ་ཁང་དང་དགོན་ཁང་ཚུའི་ཐོ།  

ཀ- གཞུང་དབང་ལྷ་ཁང་ ༡- ཏ་ལི་ཟངས་དཔལ་རི། ༢- ཕུ་མེད་ཐང་གྲྭ་ཚང་། ༣- པཱན༌སྦང་གྲྭ་ཚང་། ༤- སྟག་མ་དགོན་པ། ༥- དུང་འཁོར་ལྷ་ཁང་བཅས་༥ ཡོདཔ་ཨིན།

ཁ།- གཡུས་སྒོ་ཚུ་ནང་ལས་ཕར་ མི་སེར་མི་དམང་གི་ལྷ་ཁང་གྲངས་༦༤  ཡོདཔ་ཨིན།

ག- མི་སེར་སྒེར་པ་ཚུ་གི་མིང་ཐོ་ ལྷ་ཁང་༥༡ བཅས་ རྫོང་ཁག་ནང་འཁོད་ལུ་ ལྷ་ཁང་ཡོངས་བསྡོམས་༡༢༠ ཡོདཔ་ཨིན།

ལྷ་ཁང་དེ་ཚུའི་ནང་ལས་ ད་ལྟོ་མི་དམང་ལྷ་ཁང་ཉམས་གསོ་ཞུ་འཕྲོ་ཡོད་མི་ཚུ་ཡང་ ༡- སྟག་མ་གཡུས་པ་ལྷ་ཁང་། ༢- མགོ་གླིང་། ༣- ཞོབ་གླིང་།  ༤- ཤིང་མཁར་པི་སེང་། དང་ ༥- སྐྱིད་བུ་རླུང་བཙན་བཅས་༥ ཡོདཔ་ཨིན།

ང་།- གཞལ་སྒང་རྫོང་ནང་ ཕྱི་བཀོད་པ་ལྷ་ཁང་༤ ནང་ན་ལྷ་ཁང་ཁག་༧ བཅས་༡༡ དང་ ཏ་ལི་ཟངས་མདོག་དཔལ་རི་ཕྱི་བཀོད་པ་༢ ལྷ་ཁང་༤ བཅས་༦ དེ་ལས་ ཕུ་མེད་ཐང་ལུ་ཕྱི་བཀོད་པ་༢ ནང་ན་ལྷ་ཁང་༣ བཅས་༥ དང་ བསོད་ནམས་ཐང་གྲྭ་ཚང་ཕྱི་བཀོད་པ་ལྷ་ཁང་༢ ཡོདཔ་ཨིན།

ཚེས་བཅུའི་གར་འཆམ་དང་དུས་སྟོན་སྐོར།

ཀ- རྫོང་ཁག་ནང་འཁོད་ཀྱི་ཚེས་བཅུ་གཙོ་བོ།

          ༡- བདེ་ཆེན་ཡངས་རྩེ་རྫོང་གི་ཚེས་བཅུ། 

          ༢- ཕུ་མི་ཐང་དགོན་འཛིན་གྲྭ་ཚང་གི་ཚེས་བཅུ།

          ༣- བསོད་ནམས་ཐང་གྲྭ་ཚང་གི་ཚེས་བཅུ།

ཁ།- རྒེད་འོག་༨ ཀྱི་གཡུས་ཚན་ཁག་ཚུ་ནང་ གནང་སྲོལ་ཡོད་པའི་ མི་དམངས་ཀྱི་ཚེས་བཅུ་ཁག་༡༣ བཅས་ ཡོངས་བསྡོམས་ ལོ་གཅིག་ནང་ ཚེས་བཅུ་ཁག་ ༡༦ ཡོད་གནང་སྲོལ་ཡོདཔ་ཨིན།

ག- ཁེངས་ལུང་པའི་གཡུས་སྒོ་སོ་སོའི་ནང་དུས་སྟོན་ཚུ་ཡང་ ༡- མཆོད་པ། ༢- སྤྲའི་མཆོད། ༣- མཁར་པུ། ༤- བོན་མཆོད་རུབ། ༥- ཤུས། ༦- དོང་དོར་ལ། ༧- དུས་མཆོད། དང་ དེར་མཆོད། བཅས་ཁག་བརྒྱད་དེ་ཅིག་ མང་ཤོས་རང་ རང་ཟླ་ ༡༠ པའི་ནང་ལུ་གནང་སྲོལ་ཡོདཔ་ཨིན།

 

       (ཨྱོན་ལྷུན་གྲུབ།)

སྲོལ་འཛིན་འགོ་དཔོན་ངོ་ཚབ།                                 

 

 

 

 

Nyes in Zhemgang

      

                                               

Downloads

Staff